བླ་མེད་རྫོགས་པ་ཆེན་པོའི་སློབ་དཔོན་ནམ་མཁའི་ནོར་བུའི་ཞབས་བརྟན་མར་ཞི་ལྷུན་པོའི་དཔལ་ཞེས་བྱ་བ་བཞུགས།

0
1468
༡༩༧༨ལོར་ཆོས་རྒྱལ་ནམ་མཁའི་ནོར་བུ་དགེ་སློབ་ནས་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་ཞང་ཞུང་མེ་རིའི་བཀའ་དབང་ཞུ་སྐབས་ཀྱི་དྲན་རྟེན་པར།

མཆོག་གསུམ་རིགས་བརྒྱའི་ཁྱབ་བདག་དཔལ་གདོད་མའི་མགོན་པོ་དང་དབྱེར་མེད་པ་ལ་ཕྱག་འཚལ་ལོ།  །

ཨེ་མ་ཧོ།   ཀ་དག་ཡེ་གཞིའི་སངས་རྒྱས་ལྷ་ཡི་ལམ།  །

རང་གསལ་རིག་པའི་རྟ་བདུན་དཀྱིལ་འཁོར་རྒྱས།  །

གཉིས་མེད་རོལ་པའི་འོད་ཟེར་ཡོངས་སུ་འཕྲོས།  །

ཡེ་གྲོལ་སྐུ་གསུམ་བླ་མར་གསོལ་བ་འདེབས།  །

རང་གྲོལ་ལྟ་བའི་ལྗོན་བཟང་རྒྱས་པའི་རྩེར།  །

འགག་མེད་སྒོམ་པའི་འདབ་མ་ཡོངས་སུ་རྒྱས།  །

སྤང་རྟོགས་འབྲས་བུའི་མེ་ཏོག་ཅི་ཡང་བཞད།  །

རྣལ་འབྱོར་ལམ་གྱི་སྟོན་པར་གསོལ་བ་འདེབས།  །

དག་པ་གཉིས་ལྡན་ཁྱབ་བདག་ཀུན་ཏུ་བཟང་།  །

ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས།  །

འགྲོ་མགོན་ཕན་བདེའི་དཔལ་དུ་ཅིར་ཡང་སྤྲུལ།  །

སྐུ་གསུམ་ངོ་བོ་བླ་མར་གསོལ་བ་འདེབས།  །

ཡེ་གྲོལ་ཀུན་གཞི་རྒྱ་མཚོ་འཁྱིལ་བའི་ཀློང་།  །

རང་གྲོལ་རིག་པའི་རླབས་ཕྲེང་ཕྱོགས་བཅུར་གཡོ།  །

མཐའ་གྲོལ་སྟོང་པའི་སྣང་བ་ཅི་ཡང་གསལ།  །

ཁྲེག་ཆོད་དགོངས་པ་རྫོགས་ལ་གསོལ་བ་འདེབས།  །

མིག་མཚོའི་ཐབས་ཀྱིས་བསྐྲུན་པའི་གཤིས་དབྱིངས་སུ།  །

སྣ་ཚོགས་བཀོད་པའི་ཆོ་འཕྲུལ་བསམ་མཐའ་ཡས།  །

སྣང་སྲིིད་ཡེ་ཤེས་དབྱིངས་སུ་མཉམ་པར་གཟིགས།  །

འོད་གསལ་མཐར་རྫོགས་བླ་མར་གསོལ་བ་འདེབས།  །

མགོན་པོ་ཁྱེད་ཀྱི་མཁྱེན་བརྩེའི་འོད་ཞགས་ཀྱིས།  །

འགྲོ་ཀུན་ཐར་པའི་ལམ་བཟང་གསལ་བར་མཛད།  །

ཕན་དང་བདེ་བ་རྒྱ་མཚོའི་སྒོ་བརྒྱ་ཕྱེས།  །

རྫོགས་ཆེན་རྣལ་འབྱོར་དམ་པར་གསོལ་བ་འདེབས།  །

མཆོག་གསུམ་བདེན་དང་བདག་ཅག་གསོལ་འདེབས་མཐུས།  །

དམ་པ་ཁྱེད་ཀྱི་གསང་གསུམ་འགྲོ་མགོན་དུ།  །

སྲིད་མཐའི་བར་དུ་འགྱུར་མེད་བརྟན་པ་དང་།  །

འཕྲིན་ལས་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག  །

ཅེས་མོས་འདུན་དང་བཅས་ཏེ་སྨན་རི་བ་བསྟན་འཛིན་རྣམ་དག་གིས་༡༩༩༧ལོར་ཕུལ།།  །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།