ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་སྒྲིབ་སྦྱོང་མུན་སེལ་སྒྲོན་མའམ་དུ་ཏྲི་སུའི་སྒྲུབ་པ་ཆེན་མོ་དབུ་ཚུགས་པ།

0
583

ད་སྔོན་གྱི་ལོ་དུས་ལྟར་ན་ཕྱི་ཟླ་དགུ་པ་ནས་བཟུང་ཞག་གྲངས་བདུན་ཅུ་ཐམ་པའི་རིང་ཨ་ཁྲིད་དང་སྙན་རྒྱུད་གང་རུང་ནས་ལོ་བཞིའི་རིང་གི་སྒྲུབ་སྡེའི་བཅའ་གཞི་ལྟར་ཁྲིད་དང་དངོས་སྦྱོང་ཉམས་ལེན་གྱི་དབུ་ཚུགས་པའི་དུས་ཡིན་ཀྱང་། འདི་ལོར་དམིགས་བསལ་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་ཕྱག་ལེན་ལྟར་གསོན་གཤིན་གཉིས་ཀྱི་དགེ་རྩའི་ཆེད་དུ་སྒྲུབ་བ་ཆེན་མོ་འཚོག་རྒྱུའི་སྟ་གོན་གནང་ནས་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེ་ནས་དགེ་བའི་བཤེས་གཉེན་དང་སློབ་གཉེར་བ་འགའ་ཞིག གསོ་རིག་འབུམ་བཞི་སློབ་གྲྭའི་དགེན་རྣམ་སྲས་བཅས་ཆེད་དུ་གདན་འདྲེན་ཞུས་པ་ལྟར་ཁོང་རྣམ་པ་ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༢༦ ཉིན་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་འབྱོར་བྱུང་བ་དང་། ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༡༠ པའི་ཚེས་ ༠༤ བར་གཏོར་བཟོ་དང་དཀར་རྒྱན་སོགས་མཆོད་རྫས་རྣམས་ཕུན་སུམ་ཚོགས་པར་གྲབས་སུ་བྱས།

གོང་ཟླའི་ཚེས་ ༠༥ ནས་ ༠༩ བར་དུ་ཏྲི་སུའི་དཀྱིལ་འཁོར་གྱི་རྡུལ་ཚོན་བླུགས་པ་དང་། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་བཀའ་དགོངས་གཞིར་བཟུང་བླ་མ་དགེ་བཤེས་རྣམས་ཀྱིས་སྔོན་འགྲོ་སྣ་སེལ་གྱི་རིམ་གྲོར་ཁམས་བསྡུས་པོད་གཉིས་ཅན་བཀླགས་ཤིང་ཚྭ་ཚྭ་གདབ་པ་དང་། སྒྲུབ་ཁང་དུ་དམིགས་བསལ་ཞི་བ་ཨ་གསལ་དང་བོན་སྐྱོང་གི་ཚོགས་མཆོད་ཕུལ། སྐབས་བསྟུན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོག་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་མ་རྣམས་ལ་རྒྱལ་ས་པ་རིས་སུ་ལ་ཉིན་འགྱངས་གཉིས་རིང་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་སྒོམ་ཟླས་ཀྱི་ཁྲིད་ལུང་གནང་། གོང་ཚེས་ ༡༠ ཉིན་གཤེན་བསྟན་དར་རྒྱས་གླིང་དུ་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སློབ་མ་རྣམས་ལ་མཆོད་གཏོར་བདུད་རྩི་ཆུ་རྒྱུན་དང་། དུ་ཏྲི་སུའི་ལྷ་དང་དཀྱིལ་འཁོར་གྱི་མཚོན་དོན་ངོ་སྤྲོད་དང་སྐྱེད་རིམ་སྒོམ་བཟླས་བཅས་ཀྱི་ཁྲིད་ལུང་བཀའ་དྲིན་བསྐྱངས།

ཕྱི་ཚེས་ ༡༡ ཉིན་གསོ་རིག་འབུམ་བཞིའི་སློབ་དགེ་རྣམ་སྲས་གྲགས་པ་ལགས་ཀྱིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་འབངས་རྣམས་ལ་དུ་ཏྲིའི་སུའི་སྒྲུབ་སྨན་དང་། དེའི་ཕན་ནུས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཞིང་མཁན་རིན་པོ་ཆེ་ནས་དབྱིན་སྒྱུར་ལོ་ཙྭ་དང་བཅས་སྨན་སྒྲུབ་ཀྱི་དགོས་པ་རྒྱུ་མཚན་རྣམས་ཞིབ་ཏུ་སྨར་བར་གསུང་ཁྲིད་གནང་། ཕྱི་ཚེས་ ༡༢ ཉིན་བླ་གྲྭ་རྣམས་ཀྱིས་ཚོགས་གུར་ཆེན་མོའི་ནང་མཆོད་བཟོ་དང་མཆོད་བཤམས་རྒྱས་པ་གནང་སྟེ། དངོས་གཞི་སྒྲུབ་པ་ཆེན་མོའི་གྲ་སྒྲིག་ཚགས་ཚུད་གྲུབ་པར་གནང་།

ཕྱི་ཚེས་ ༡༣ ཉིན་ཞོགས་ཀའི་ཕྱག་ཚོད་ ༠༧ པ་ནས་བླ་གྲྭ་དགེ་བཤེས་རྣམས་ཀྱིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་དད་འབངས་རྣམས་ཚོགས་གུར་ཆེན་མོའི་ནང་ལྷན་དུ་འཛོམས་ཏེ། སྒྲུབ་པ་ཆེན་མོ་དངོས་སུ་དབུ་ཚུགས་པའི་ཐོག་མར་ཕྱི་མཚམས་བཅད་ཅིང་མཚམས་ཐོ་བསྡམས། ཞོགས་ཟས་གྲུབ་རྗེས་ཕྱག་ཚོད་ ༠༩ དང་ ༤༥ ཐོག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལྷ་སྤོས་དུང་རྒྱས་ཕེབས་སྣེ་དྲངས་ཏེ། བླ་བྲང་ནས་ཚོགས་གུར་ཆེན་མོའི་ནང་གདན་དྲངས་ཤིང་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་བ་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་གཙོས་འདུས་མང་སེར་སྐྱ་ཡོངས་ནས་མནྡལ་འདེགས་འབུལ་ཞུས་ཞིང་གསོལ་འདེབས་དབྱངས་སུ་གྱེར། འདུས་མང་རྣམས་གདན་ལ་འཁོད་རྗེས་སྒྲིབ་སྦྱོ་མུན་སེལ་སྒྲོན་མའི་ཆོ་གའི་གོ་རིམ་ལྟར་གཞུང་བསྲངས་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་བླ་གླུད་གཤེད་ཕྲལ་དང་ཚེ་འདས་འགུགས་བསྟིམ་གནང་རྗེས་སླར་བླ་བྲང་དུ་ཕེབས་འདྲེན་ཞུས།

དེ་རྗེས་འདུས་མང་བྱིངས་ཀྱིས་མུ་མཐུད་ཆོ་གའི་གཞུང་བསྲངས་པ་དང་སྦྲགས་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སྐབས་ཐོག་འཕྲིན་ལས་ཀྱི་གོ་རིམ་དང་འབྲེལ་བའི་ནང་དོན་ངོ་སྤྲོད་གནད་བསྡུས་རེ་བཅས་དུ་ཏྲི་སུའི་བསྙེན་པ་གྲངས་སུ་བསགས། ཉིན་རྒྱབ་མུ་མཐུད་བསྙེན་ཚད་གྲངས་སུ་བསགས་ཏེ་དུ་ཏྲི་སུ་ཚར་གཅིག་གི་འཕྲིན་ལས་མཇུག་གྲུབ་པར་གནང་བ་དང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེ་ནས་བླ་གྲྭ་རྣམས་ལ་མང་ཇ་དང་སྐུ་འགྱེད་ཕུལ། ཕྱི་དྲོའི་ཕྱག་ཚོད་༠༥ཐོག་སེར་སྐྱ་འདུས་མང་ཡོངས་ཀྱིས་བསུར་མཆོད་དང་དགེ་བསྔོ་གནང་། དགོང་མོའི་ཕྱག་ཚོད་༠༨ནས་༠༩བར་བོན་སྐྱོང་སྲུང་མ་རྒྱས་བསྐུལ་ཞུས་ཞིང་གཏོར་འབུལ་དང་། བྲོ། ཕྱྭ་ཚེ། སྨོན་ལམ་དང་བདུད་ཟློག གླུད་བསྔོ་བཅས་གྲུབ་མཐར་ལུས་སྦྱིན་གཅོད་ཀྱིས་མཐའ་བསྡུ་ལེགས་པར་མཛད་དེ་དགོང་མོའི་ཕྱག་ཚོད་ ༠༩ དང་ ༣༠ ནས་སྒྲུབ་པ་ཆེན་མོ་དབུ་ཚུགས་པའི་ཉིན་དང་པོའི་མཛད་རིམ་གྲུབ།

 

སླར་བླ་གྲྭ་འདུས་མང་ཚོ་གཅིག་གིས་དུ་ཏྲི་སུའི་ཆོ་ག་དབུ་བཙུགས་ཏེ་མཚན་མོའི་སྒྲུབ་བ་བཞུགས་ནས་བསྙེན་ཚད་གྲངས་སུ་བསགས་ཏེ། མཚན་རྒྱུད་གནང་མཁན་རེས་མོལ་ཀྱིས་ཞོགས་ཀའི་ཕྱག་ཚོད་ ༠༧ བར་མཚན་སྒྲུབ་བསྐྱངས་ནས་ཆོ་ག་ཚར་གཅིག་གི་མཇུག་སྐྱོང་གནང་བ་དང་། ཉིན་མཚན་གཉིས་ཀའི་བར་གསེང་རྣམས་སུ་དཀྱིལ་འཁོར་ལ་ཞབས་སྐོར་དང་སྦྲགས་དུ་ཏྲི་སུའི་སྒྲ་དབྱངས་རྒྱུན་ཆད་མེད་པ་སྐྱོན་གནང་བ་བཅས་སྒྲུབ་བ་ཆེན་མོ་དབུ་ཚུགས་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༤ ཞོགས་དུས་སུ་སྤེལ།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།