དུ་ཏྲི་སུའི་སྒྲུབ་པ་ཉིན་ཞག་ཆ་བདུན་གྱི་གནས་ཚུལ་དང་བརྟན་བཞུགས་མཛད་སྒོའི་གནས་བསྡུས།

0
673

དེ་ཡང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཐུགས་རྗེའི་མཛད་འཕྲིན་འོག ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་གཙོས་འགན་འཛིན་རྣམ་པས་གོ་སྒྲིག་ཚགས་ཚུད་གནང་སྟེ། ཐོག་མར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་ཇི་བཞིན་འདིར་འདུས་བླ་གྲྭ་རྣམས་ཀྱིས་མཆོད་པའི་རྫས་བསགས་དང་། སྣ་སེལ་རིམ་གྲོ། རྡུལ་མཚོན་དཀྱིལ་འཁོར་དང་མཆོད་པ་བཤམས་བཀོད་སོགས་སྔོན་འགྲོའི་རིམ་པ་ཆ་ཚང་གྲུབ་རྗེས་འདི་ཟླའི་ཚེས་ ༡༣ ནས་སྒྲུབ་པ་ཆེན་མོ་དངོས་སུ་དབུ་ཚུགས། སྒྲུབ་པ་དབུ་བཙུགས་པའི་ཉིན་དང་པོར་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དབུར་བཞུགས་ཐོག་དུ་ཏྲི་སུའི་སྒྲུབ་གཞུང་མུན་སེལ་སྒྲོན་མའི་སྟ་གོན་རྒྱན་འགོད་དང་། གཞུང་ལྟར་བྱང་ཆོག་དང་སྦྲགས་ནས་ཚེ་འདས་རྣམས་ཀྱི་མིང་བྱང་གཟུགས་ཀྱི་བྱང་བུར་འགུག་བསྟིམ་གནང་བའི་ཆོ་གའི་ལས་རིམ་བསྐྱངས་རྗེས་སྐྱ་སེར་ལྷན་ནས་ཉིན་ཞག་ཕྲུག་བདུན་གྱི་རིང་བསྙེན་སྒྲུབ་ཀྱི་རྒྱུན་བསྐྱངས།

དེ་ལྟར་སྒྲུབ་པ་ཆེན་མོའི་ཉིན་ཞག་ཆ་བདུན་གྱི་རིང་ཉིན་མཚན་གཉིས་ཀར་གཞུང་ཆོག་ཚར་རེ་རེ་འགྲོ་བར་བྱས་ཏེ། སེར་སྐྱ་མི་མང་ཡོངས་ཀྱིས་གཞུང་ཆོག་འདོན་རྟ་དབྱངས་དང་བཅས་བསྙེན་འཛབ་སྒོམ་ཟླས་སྨར་དག་པར་གནང་།

བར་གསེང་རྣམས་སུ་ཡང་དུ་ཏྲི་སུ་སྙིང་པོ་དབྱངས་སུ་གྱེར་ཏེ་དཀྱིལ་འཁོར་ལ་ཞབས་སྐོར་དང་། ཕྱག་མཆོད་འབུལ་སོགས་ཀྱིས་དུས་འདའ་བར་བྱས་ཏེ་ཉིན་འདི་དག་གི་རིང་དུ་ཏྲི་སུའི་སྨན་གྱི་སྒྲུབ་པའི་བྱིན་རླབས་ས་ལ་འཁྱིལ་བར་མཛད། ཕྱི་དྲོའི་དུས་ཚིགས་རྣམས་སུ་ཉིན་ལྟར་དུ་ཏྲི་སུའི་ཆ་ལག་གསུར་བསྔོ་འདོད་རྒུའི་གཏེར་མཛོད་ལྟར་གྱི་གསུར་མཆོད་རྒྱས་པ་དང་། དགོང་མོར་བཀའ་སྐྱོང་རྒྱས་བསྐུལ། གླུད་བསྔོ་དང་ལུས་སྦྱིན་སོགས་མཛད་དེ་གསོན་གཤིན་གཉིས་ཀྱི་ཆེད་དམིགས་དགེ་བསྔོ་རྒྱ་ཆེར་གནང་།

ལྷག་ཏུ་སྒྲུབ་པའི་ཉིན་ཞག་འདི་དག་གི་རིང་ལ་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ཕྱོགས་ཀྱི་དད་ལྡན་བོན་འབངས་རྣམས་ལ་གཞུང་ཆོག་མུན་སེལ་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་གཞུང་ལྟར་། བསྐྱེད་ཆོག་གི་རིམ་པ་རྣམས་སྐབས་འཕྲལ་ངོ་སྤྲོད་དང་། གཞན་ཡང་གཞུང་འདི་དང་འབྲེལ་བའི་བྱང་ཆོག་དང་། གསུར་བསྔོ། གླུད་བསྔོ་བཅས་ཀྱི་དགོས་པ་དང་ཕན་ཡོན་རྣམས་སྐབས་དང་སྐབས་སུ་ངོ་སྤྲོད་གནང་སྟེ་ཁྲིད་དང་སྒྲུབ་པ་ཟུང་འབྲེལ་གྱིས་བོན་ཞུ་བ་རྣམས་འདོན་མཆོད་བསྙེན་གྲངས་ཙམ་མིན་པར་ནང་དོན་དང་དགོས་དམིགས་མཁྱེན་རྟོགས་ཀྱི་སྒོ་ནས་སྒྲུབ་པ་དང་དགེ་སྦྱོར་དོན་ལྡན་ཡོང་བར་གནང་ཡོད།

ཕྱི་ཚེས་ ༡༩ སྟེ་སྒྲུབ་པ་ཆེན་མོ་ཉིན་བདུན་པའི་སྔ་དྲོ་གཞུང་ཆོག་ཚར་གཅིག་གསུངས། ཕྱི་དྲོར་དམིགས་བསལ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་བཞུགས་ཐོག་དུ་ཏྲི་སུའི་གཞུང་ཆོག་ཚར་གཅིག་མཉམ་དུ་གསུང་གྲུབ་མཐར་བྱང་ཆོག་དང་འབྲེལ་བའི་གཏད་གཡར་དང་གསུར་བསྔོ་བཅས་ཀྱི་སྒོ་ནས་ཐུགས་བསྐྱེད་སྐྱབས་འཇུག་གནང་། ཕྱི་ཚེ་ ༢༠ ཉིན་གྱི་ཞོགས་པར་སེར་སྐྱ་མི་མང་ ༤༤༠ ལྷག་ཚོགས་གུར་ཆེན་མོའི་ནང་ལྷན་དུ་འཛོམས་ནས་སྒྲུབ་པ་ཆེན་མོ་མཇུག་གྲུབ་པའི་གཏང་རག་གི་ཚུལ་དུ་དྲན་པ་ཆོག་དྲུག་ནས་བཏུས་པའི་གཤེན་ལྷ་འོད་དཀར་གྱི་ཚོགས་མཆོད་ལྟར་ཚོགས་མཆོད་རྒྱས་འབུལ་ཞུས་པ་དང་། དེ་རྗེས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་དབང་གི་ངོ་སྤྲོད་མདོར་བསྡུས་དང་བཅས་དུ་ཏྲི་སུའི་གཞུང་ཆོག་མུན་སེལ་སྒྲོན་མའི་བཀའ་དབང་ཟབ་མོ་རིམ་ཆགས་སུ་བཀའ་དྲིན་བསྐྱངས།

ཕྱི་དྲོར་དུ་ཏྲི་སུའི་གཞུང་ཆོག་མུན་སེལ་སྒྲོན་མའི་བྱང་ཆོག་ལྟར་འཕོ་བའི་སྤར་ཆོག་གནང་ཞིང་བྱང་ངུ་བཞུས་ཏེ་ཚེ་ལས་འདས་པའི་གཤིན་པོ་ཕོ་མོ་རྣམས་ཐར་པ་བདེ་ཆེན་གྱི་ས་རུ་འགོད་པའི་ཐུགས་སྨོན་སྐྱབས་འཇུག་རྒྱ་ཆེར་གནང་། དེ་རྗེས་སེར་སྐྱ་འདུས་མང་རྣམས་ལ་མ་གཅིག་ཡེ་ཤེས་དབལ་མོའི་གར་འཆམ་གཟིགས་འབུལ་ཞུས་པ་དང་། བཀྲ་ཤིས་སྨོན་ལམ་གྱིས་མཐར་བརྒྱན་ཞིང་འགན་ཁུར་བས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་ཏེ། སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་སྨན་གྱི་སྒྲུབ་པ་ཆེན་མོ་འདི་ཉིད་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་མཇུག་ཡོངས་སུ་ལེགས་པར་གྲུབ།

སྒྲུབ་པ་ཆེན་མོ་འདི་ནི་ད་ཕན་ནུབ་གླིང་ཁུལ་བོན་གྱི་ཆོས་ཚོགས་ནང་དངོས་སུ་འཚོགས་ཐུབ་པའི་སྨན་གྱི་སྒྲུབ་པ་ཆེ་ཤོས་ཤིག་ཆགས་ཡོད་ལ། སྒྲུབ་པ་ཆེན་མོ་འདིའི་རིང་ཚོགས་བཅར་ཞུས་ཏེ་མཉམ་ཞུགས་གནང་མཁན་འཛམ་གླིང་ཤར་ནུབ་རྒྱལ་ཁབ་མི་འདྲ་བ་ཉི་ཤུ་ལྷག་ནས་ཕེབས་པའི་དད་ལྡན་ཆ་སྙོམས་མི་གྲངས་ ༡༧༠ ལྷག་གིས་སྒྲུབ་ཞག་ཉིན་བདུན་གྱི་རིང་དུ་ཏྲི་སུའི་བསྙེན་པ་ཨ་དཀར་ས་ཡ་བཅུ་བདུན་ལྷག་ཙམ་གསོགས་སྒྲུབ་ཞུས་པ་བཅས་ཀྱི་གནས་བསྡུས་སུ།

ཕྱི་གླིང་བོན་ཚོགས་ནས་བརྟན་བཞུགས་ཕུལ་བ།

ད་ལན་སྨན་གྱི་སྒྲུབ་པ་ཆེན་མོ་འདིའི་ཐོག་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་མཇལ་བཅར་དང་བཀའ་དབང་ཟབ་མོའི་བྱིན་རླབས་ཐོབ་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁ་འཐོར་དུ་གནས་པའི་བོད་རིགས་མི་ཉུང་བ་ཞིག་ལྷན་དུ་འཛོམས་པ་དང་སྟབས་བསྟུན་ཕྱི་གླིང་བོན་ཚོགས་ཀྱིས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུག་སྟབས་བདེ་ཞིག་འབུལ་རྒྱུའི་རེ་འདུན་དང་སྟ་གོན་བྱས།

དེ་ཡང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་ཐོག་མར་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བླ་བྲང་ནས་གདན་དྲངས་པ་དང་སེར་སྐྱ་མི་མང་རྣམས་ཚོགས་གུར་ཆེན་མོའི་ནང་དུ་འཛོམས་ཏེ་བླ་མ་མཆོད་པ་དབྱངས་སུ་གྱེར་ཞིང་། ༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་གསེར་གྱི་མཎྜལ་འདེག་འབུལ་ཞུས། དེ་ནས་ཕྱི་གླིང་བོན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་དགེ་བཤེས་གཡུང་དྲུང་རྒྱ་མཚོ་ལགས་དང་། བླ་མ་ཁྱིམ་གསར་ཡེ་ཤེས་རབ་གསལ་དབང་རྒྱལ། མཁན་ཟུར་ཉི་མ་དབང་རྒྱལ་རྣམ་པས་སྐུ་གསུང་ཐུགས་རྟེན་དང་རྣམ་ལྔའི་མཆོད་ཕྲེང་རིམ་པར་ཕུལ་རྗེས་སེར་སྐྱ་མི་མང་ཡོངས་ཀྱིས་མགྲིན་གཅིག་ཏུ་གདུང་ཤུགས་དྲག་པོའི་སྒོ་ནས་སྐྱབས་རྗེ་གང་གི་གསོལ་འདེབས་དབྱངས་སུ་གྱེར་བཞིན་དྲིན་ཅན་བླ་མའི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་སྨོན་ལམ་རྩེ་གཅིག་ཏུ་ཞུས་པ་དང་། དེ་རྗེས་བླ་མ་ཁྱིམ་གསར་ཡེ་ཤེས་རབ་གསལ་དབང་རྒྱལ་ལགས་ནས་ཕྱི་གླིང་བོན་ཚོགས་ཀྱིས་བརྟན་བཞུགས་གོ་སྒྲིག་གནང་ཚུལ་སྐོར་གྱི་གསུང་བཤད་དང་སྦྲགས་ཞབས་ཞུ་བ་རྣམས་ཀྱིས་མི་མང་ལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས།

དེ་རྗེས་སེར་སྐྱ་ཐུན་མོང་ནས་བར་ཆད་ལམ་སེལ་དང་བཅས་བརྟན་བཞུགས་མཛད་སྒོ་གྲུབ་པ་དང་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བོད་རིགས་དད་འབངས་རྣམས་ལ་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ཤིན་ཏུ་རིན་ཐང་ཆེ་བ་བསྩལ་གནང་བ་མ་ཟད་སླར་ཡང་མཇལ་ཞུ་དང་སྦྲགས་སྒྲུབ་སྨན་བྱིན་མདུད་བཅས་གནང་སྦྱིན་མཛད། 

དེ་མཚུངས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་དོན། ཕྱི་གླིང་ཡུལ་གྲུ་ཁག་ཏུ་གནས་པའི་དད་ལྡན་བོན་འབངས་རྣམས་ལྷན་གཅིག་ཏུ་འཛོམས་པའི་སྐལ་པ་བཟང་པོ་འདི་ཤིན་ཏུ་གལ་ཆེ་ཚུལ་དང་། མ་འོངས་པར་ཡང་འདི་འདྲའི་སྐལ་བཟང་དུས་ནས་དུས་སུ་ཡོང་རེ་དང་། ཕན་ཚུན་ངོ་ཤེས་དང་མཆོད་འབྲེལ་ཆེད་གཤེན་བསྟན་དར་རྒྱས་གླིང་དགོན་དུ་ཡང་ཡང་ཕེབས་ཐུབ་རྒྱུའི་རེ་སྨོན་བཅས་གནང་།

མཇུག་ཏུ་མཁན་ཟུར་ཉི་མ་དབང་རྒྱལ་ལགས་ནས་བརྟན་བཞུགས་གོ་སྒྲིག་གནང་མཁན་རྣམ་པ་གཙོས་ཕྱར་བ་གྲུ་འདེགས་གནང་མཁན་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་ཏེ་མཛད་སྒོ་ལེགས་གྲུབ་ཞུས་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་དང་སྐྱ་ཀ་ཁྲ་བོ་ཟུང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་སྤེལ།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།