གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་སྟོན་པའི་འདས་མཆོད་སྲུང་བརྩི་ཞུས་པ།

0
249
པར་པ་ཏི་སེའི་བུ།

ཧོར་ཟླ་ ༩ པའི་ཚེས་ ༣༠ ཉིན་བདག་ཅག་གི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་འགྲོ་བ་གཞན་ཕན་གྱི་ཆེད་དུ་འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱིས་འགྲོ་དོན་མཛད་དེ་མཐར་ཕྱིན་དགའ་བ་བདེ་ལྡན་གྱི་མཛད་པ་རྫོགས་ནས། གཤེན་ལོ་གྱ་གཉིས་ཐོག་ཆུ་མོ་ཡོས་ཀྱི་ལོ་དགུན་ཟླ་ར་བའི་གནམ་སྟོང་ལ་སྐུ་མི་རྟག་མྱ་ངན་ལས་འདས་པའི་དུས་མཆོད་ཁྱད་པར་ཅན་ཡིན་པས་དགེ་སྡིག་གི་འགྱུར་ཁྱད་འབུམ་འགྱུར་དུ་ཡོད་པའི་ལུང་ནི། གསང་སྔགས་རྫོང་འཕྲང་ཆེན་མོ་ལས། སྔགས་པས་སྟོན་ཟླ་ཐ་ཆུང་རྒྱ་རྩིས་ཀྱི་རྒུན་ཟླ་ར་བའི་གནམ་སྟོང་ལ། མྱ་ངན་འདས་པའི་དུས་ཏེ། དེ་རྣམས་ལ་དགེ་བ་ཅི་བྱས་འབུམ་དུ་འགྲོའོ། །ཞེས་སོགས་ཟབ་མོའི་བཀའ་ལུང་དུ་མ་ལས་གསུངས་པ་རྣམས་ལ་དད་མོས་དང་ཡིད་ཆེས་ཀྱི་སྒོ་ནས་སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན།

༢༠༡༨ ༡༡ ༧ ཧོར་ཟླ་དགུ་པའི་གནམ་སྟོང་ཉིན་འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་༸སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་སྐྱབས་གནས་འདུས་པ་རྒྱ་མཚོས་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་བསགས་མཆོད་སྦྱིན་གྱི་ལས་ལ་བརྩོན་བཞིན་པ་དང་། ལྷ་སྡེ་མི་དམངས་རྣམ་པས་ཕྱག་སྐོར་སྤོས་མེ་སོགས་རང་ནུས་གང་ལྕོགས་ཀྱིས་རྣམ་པར་དཀར་བའི་བྱ་བ་དོན་དུ་གཉེར་ནས་རྫོགས་པའི་སངས་རྒྱས་གྱི་བཀའ་དྲིན་མཛད་པ་རྗེས་སུ་དྲན་པའི་སྒོ་ནས་འདས་མཆོད་སྲུང་བརྩི་ཞུ་བཞིན་ཡོད།

དུས་མཚུངས་སུ་སངས་རྒྱས་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལ་ལྟ་ཀློག་བྱེད་ནས་གོ་རྟོགས་ཡོང་བར་བྱེད་པ་དང་། གཤེན་རབ་འདའ་ཁའི་ཞལ་ཆེམས་རྣམས་དྲན་གསོ་བྱེད་དགོས་པའི་སྐབས་མཚམས་ཤིག་ཡིན་པས་རྗེས་འཇུག་སྐལ་ལྡན་དགེ་སྦྱོར་ཉམས་ལེན་གནང་ཚུལ་གྱི་གདམས་པ་དང་། སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན་པའི་གནས་ཚད་བཅས་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་ཇི་བཞིན་མཁྱེན་རྟོགས་ཀྱི་ཆེད་གཤམ་དུ་འགོད་རྒྱུ་ཡིན།

དེ་ཡང་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།  །ང་ཉིད་མི་འབྱོན་ཡིག་འབྲུ་འབྱོན།  །ཕྱི་རབས་རྗེས་འབྲང་གང་ཟག་གིས།  །གསུང་རབ་ཡི་གེའི་འབྲུ་རྟོགས་ལ།  །བཀའ་ལུང་ཅི་ལྟར་འབྱུང་བཞིན་སྤྱོད།  །སྒྲིབ་སྦྱངས་ཚོགས་གཉིས་རབ་རྫོགས་ནས། །འབྲས་བུ་ཐར་པའི་གོང་འཕང་འཐོབ།  །

དུས་ཀྱི་བསྟན་པ་འབྱུང་ཚུལ་ནི།  །བདག་གི་བཀའ་ཡི་བོན་འདི་དག  །བདག་ཉིད་མྱ་ངན་འདས་ནས་སུ། །མི་ལོ་སྟོང་དང་བརྒྱད་བརྒྱ་ལ།  །སངས་རྒྱས་སྐུ་ཡི་བསྟན་རྟིང་རྫོགས། །དེ་ནས་གདུང་འཚོབ་འབྱོན་པའི་དུས། བདག་གི་གསུང་གི་བསྟན་པ་ནི།  །མི་ལོ་སྟོང་ཕྲག་བཅུ་ལ་གནས།  །དེ་ནས་ཐུགས་ཀྱི་བསྟན་པ་ནི།  །མི་ལོ་སྟོང་ཕྲག་བཅུ་ལ་གནས།  །ཚེ་ལོ་གྲངས་ལ་གཞལ་བ་ཡི། །བདག་ཉིད་སྐུ་བཞུགས་ཚེ་ལོ་བརྒྱ།  སྐུ་ཡི་བསྟན་རྟིང་བརྒྱད་ཅུ་སྟེ། །གསུང་ལ་དྲུག་ཅུ་ཐུགས་ལྔ་བཅུར།  །ཐུགས་ཀྱི་བསྟན་པ་རྫོགས་ནས་སུ།  །དེ་ནས་ཚེ་ལོ་བཅུ་ལ་ཐུག  །དེ་དུས་ཕྱི་རབས་སྟོན་པ་འབྱོན།  །བདག་དང་བདག་ལ་འབྲེལ་བ་དང་། །བདག་གི་སློབ་མར་གྱུར་པ་རྣམས།  །ཕྱིར་མི་ལྡོག་པའི་ས་གནོན་ནས། །བོན་ཉིད་དབྱིངས་སུ་ཐར་པར་འཁོད། །ཞེས་གསུངས་སོ།། །།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་༢༠༡༨ ༡༡ ༧ ཉིན་སྤེལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།