གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཐེངས་ཉེར་གསུམ་པའི་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་བཞིན་པའི་སྐོར་གྱི་གནས་བསྡུས།

0
321
པར་པ་ཏི་སེའི་བུ།

༸སྨྲ་བའི་དབང་པོ་སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གཞིར་བཟུང་སྟེ། སྔོན་དུས་གཙང་བཀྲ་ཤིས་སྨན་རི་དགོན་དུ་ལོ་ལྟར་རེ་བཞིན་བོད་ཟླ་དང་པོའི་སྨོན་ལམ་གྱི་ཚོགས་གྲོལ་ནས། དབྱར་རྒྱས་རི་ཁྲོད་མཛོད་བཟང་ཕུག་ཏུ་སློབ་གཉེར་བ་ཡོངས་རྫོགས་ཕེབ་ཏེ་ཞག་ཞེ་དགུའི་རིང་ལ་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་སྲོལ་བྱུང་བ་བཞིན།

པར་པ་ཏི་སེའི་བུ།

བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་ད་ལྟའི་བར་དུ་ཧོར་ཟླ་ ༡༠ པའི་ཚེས་ ༡ ནས་ཚེས་ ༢༡ བར་ལོ་ལྟར་ཚད་མའི་རིགས་སྒྲ་ཆེན་མོ་ནི་མཚན་ཉིད་པའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་གཏན་འཇགས་སུ་འཚོགས་དང་འཚོགས་བཞིན་ཡོད། དེ་ཡང་གཟི་བརྗིད་སྐད་འགྱུར་སོ་སོའི་དོན་བསྟན་པའི་མདོ་ལས།“སྒྲ་ཚད་ནི་བོན་དེ་དག་གི་དོན་བོན་ཉིད་ལ་བརྗོད་དུ་མེད་ཀྱང་བོན་ཅན་ལ་བརྗོད་དུ་བྱུང་བས་ཚིག་གི་སྒྲོན་མས་དོན་གྱི་གདར་ཤ་གཅོད་ཅིང་རྟག་ཆད་ཀྱི་མཐའ་བསལ་བའི་ཕྱིར་དུ་འགལ་བ་སྤོང་ཞིང་མཐུན་པ་བསྡེབས་ཏེ། གལ་པོར་རྩོད་པའི་ཕྱིར་གསུངས་ཞིང་ཐེ་ཚོམ་གྱི་སྒྲོ་འདོག་གཅོད་ནས་དཔེ་དོན་རྟག་གསུམ་ལ་གཞལ་ཞིང་ཚད་གསུམ་ཟུང་དུ་འབྲེལ་བ་དང་། བདེན་གཉིས་དོར་མཉམ་དུ་བྱ་བ་རྣམས་སོ། །” ཞེས་གདམས་པ་བཞིན་སྤྱིར་བཏང་ཚད་མའི་གཞུང་ལུགས་འདི་ཉིད་བཀའ་དང་བཀའ་བརྟེན་སྤྱི་ཡི་དགོངས་པ་འགྲེལ་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་ཞིང་། བོན་གྱི་གཞུང་ལུགས་ནང་ལྟ་དུས་ཚད་མའི་སྐོར་མདོ་སྔགས་སེམས་གསུམ་ཀུན་ལ་ཁྱབ་ཡོད་ཀྱང་གཙོ་བོ་ཤུགས་ཆེ་ཤོས་ཡོང་ས་དེ་རྫོགས་ཆེན་གྱི་དཔེ་ཆའི་ནང་ནས་ཐོན་གི་ཡོད་པར་དཔྱད་ན་ཚད་མ་རིག་པ་ནི་རྫོགས་ཆེན་ལ་གལ་ཆེན་པོ་ཡིན་པ་དང་། ལི་ཤུ་དང་། དྲན་པ། ཤ་རི་ཨུ་ཆེན། སྟོང་རྒྱུང་བཅས་ཀྱིས་གསུངས་པའི་རྫོགས་ཆེན་གྱི་བོན་སྡེ་མང་པོ་རྟགས་དང་། ཐལ་འགྱུར་གྱི་རིགས་ལམ་ནང་དུ་ཡོད་སྟབས། ཚད་མའི་རིགས་འགྲོས་མ་ཤེས་ན་ལྗགས་ལུང་གནང་བ་ལྟར་ཀློག་བཞག་ན་མ་གཏོགས་འགྲེལ་ཐབས་དཀའ་བས་རྫོགས་ཆེན་གྱི་གནས་ལུགས་གཏན་ལ་འབེབས་པ་ལ་ཚད་མའི་རིགས་འགྲོས་འདི་ལྡེ་མིག་ལྟ་བུ་ཆགས་ཡོད་པར་བརྟེན།

༸སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་ཀྱི་མཁན་སློབ་རྣམ་པའི་གསུང་ཁྲིད་ལམ་སྟོན་དང་འབྲེལ། མདོ་སྔགས་གཞུང་ལུགས་ཀུན་ལ་རིགས་ལམ་མཐུན་ཆེ་བ་རྗེ་རིན་པོ་ཆེའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་སྦྱང་བྱ་གཙོ་བོར་བཞག་སྟེ། དེ་འབྲེལ་སེམས་དང་སེམས་བྱུང་གི་རྣམ་བཞག་གསལ་བའི་བཀའ་སྲིད་པའི་མཛོད་ཕུགས་དང་། གཡུང་དྲུང་ལས་དག ཁམས་ཆེན་སྟོང་ཕྲག་བརྒྱ་པ། བཀའ་ཡི་གསལ་བྱེད་དུ་གྱུར་པའི་མཛོད་འགྲེལ་ཁག་ལས་བྱུང་བའི་སེམས་རིག་སྐོར་དང་། དྲན་པའི་རྣམ་འབྱེད་འཕྲུལ་ལྡེ། མན་ངག་ལུང་གི་ཚད་མ། གཏན་ཚིགས་ངེས་པའི་གལ་མདོ། འགྲོ་མགོན་གྱི་ཚད་མ་ཀུན་བཏུས་སོགས་ཞང་བོད་ཀྱི་གནའ་རབས་ཀྱི་མཁས་གྲུབ་ལོ་པཎ་རྣམ་པས་མཛད་པའི་ཚད་མ་རིག་པའི་གཞུང་ལུགས་རྣམས་ཀྱིས་ཟུར་བརྒྱན་ཏེ་དམིགས་བསལ་རྩོད་སྦྱོང་དང་དམ་བཅའ། མཐར་གླིང་ཚན་སོ་སོས་རིགས་ལམ་འགྲན་རྩོད་ཀྱི་ཐུག་ཆེན་རྒྱག་རྒྱུ་དང་ཁྱོན་བདུན་ཕྲག་གསུམ་གྱི་རིང་ལ་འཚོགས་བཞིན་ཡོད་པ་བཅས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༨ ༡༡ ༩ ཉིན་སྤེལ།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།